Pema Dendup

Professional biography

པདྨ་དོན་གྲུབ་འདི་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ ཞིབ་རོགས་མཁས་མཆོག་གི་ལཱ་འགན་འབག་སྟེ་ཕྱག་ཕྱིད་ཞུ་མི་ཅིག་ཨིན། ཁོ་གིས་ སྤྱི་ལོ་ ༡༩༨༠ ལུ་ སེམས་རྟོགས་ཁ་ནང་པའི་ རིག་གཞུང་སློབ་གྲྭ་ནང་ལུ་ སློབ་དཔོན་ཅིག་འབད་ ཕྱག་ཕྱིད་ཞུ་ནི་འགོ་བཙུགས་ནུག། སྤྱི་ལོ་ ༡༩༨༠-༢༠༡༡ ཚུན་ ལོ་ངོ་བཅུ་ཕྲག་གསུམ་གྱི་རིང་ལུ་ རིག་གཞུང་སློབ་གྲྭ་དང་ སེམས་རྟོགས་ཁ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ལུ་ རྫོང་ཁ་དང་རིག་གཞུང་སློབ་དཔོན་དང་ དབུ་འཛིན་ལས་རོགས་ རྫོང་ཁའི་ལེགས་སྦྱར་བ་གོངམ་དང་ གཙུག་ལག་སྒྲིག་འཛིན་སློབ་ཕྲུག་ལས་འབྲེལ་གྱི་ ལཱ་འགན་ཚུ་ནང་ ཕྱག་ཕྱིད་ཞུ་སྟེ་ དེའི་སྐབས་ལུ་ བདག་སྐྱོང་དང་འཛིན་སྐྱོང་ལ་སོགས་པའི་འགོ་འཁྲིད་འགན་ལེན་དང་ སློབ་སྟོན་སློབ་སྦྱོང་དང་ རྩ་གཞུང་ལེགས་བཅོས་དང་བསྒྱུར་བཅོས་ གཞན་ཡང་རྒྱལ་ཡོངས་དང་ མི་སྡེ་ལུ་ཕན་པའི་ ཤེས་ཡོན་དང་ལམ་སྲོལ་དང་འབྲེལ་བའི་ལས་རིམ་ རྒྱང་བསྒྲགས་དུས་ཐུང་གློག་བརྙན་དང་ རྩོད་བསྡུར་དང་གསལ་བཤད་དྲི་བ་དྲིས་ལན་ ཆོས་དང་ལམ་སྲོལ་གྱི་འཁྲབ་སྟོན་ ཟློས་གར་དང་གླུ་གཞས་ལ་སོགས་པའི་ལས་རིམ་སྣ་ཚོགས་འགོ་འདྲེན་འཐབ་ནུག

 

 

ཁོ་གིས་སྤྱི་ལོ་ ༢༠༡༢ ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ ལེགས་བཤད་པ་གོང་མའི་ལཱ་འགན་ནང་ཕྱག་ཕྱིད་ཞུ་སྟེ་ མཐོ་རིམ་སློབ་གྲྭ་ནང་ལུ་ ཁྱད་རིག་ལ་སོགས་པའི་སྦྱོང་ཚན་སྣ་ཚོགས་སློབ་སྟོན་འབདཝ་མ་ཚད་ སློབ་སྦྱོང་ལས་རིམ་ཚུ་གི་སྦྱོང་ཚན་བསྐྱར་ཞིབ་འབད་ནི་ གསརཔ་བྲི་ནི་ ལག་དེབ་དང་ལྷག་དེབ་བྲི་ནི་གི་ ལཱ་ཚུ་ཡང་འབད་དང་འབད་བཞིན་འདུགགཞན་ཡང་མཐོ་རིམ་སློབ་གྲྭ་ནང་ལུ་ གཙུག་ལག་གཞི་རིམ་གོང་མ་ (PgDE) གི་ཆོས་རྒྱུགས་བཀོད་ཚོགས་ཀྱི་ཁྲི་འཛིན་དང་དང་ གཙུག་ལག་མཐོ་རིམ་རྫོང་ཁའི་ཤེས་ཡོན་ (M.Ed. Dzongkha) གྱི་ལས་རིམ་བཀོད་ཚོགས་ཀྱི་འཐུས་མི་འབད་ཡང་ཕྱག་ཞུ་སྟེ་འདུག 

 

 

སྤྱི་ལོ་༢༠༡༣ ལས་གཙུག་ལག་ཞིབ་རོགས་མཁས་མཆོག་སྦེ་ མཐོ་རིམ་སློབ་གྲྭ་ནང་ཕྱག་ཞུ་རིང་གི་ སྤྱི་ལོ་ ༢༠༡༧-༢༠༡༨ ལོ་ངོ་གཉིས་ཀྱི་རིང་ལུ་ རྒྱལ་གཟིམས་ཀྱི་བཀའ་རྒྱ་ལྟར་ མངའ་བདག་རྒྱལ་པོའི་བཀའ་ལུང་ན་གཞོན་ཡ་རབས་ལམ་སྟོན་གྱི་ ལས་འགུལ་ནང་ལུ་ འགྲོ་བ་མིའི་བརྩི་མཐོང་དང་འབྲེལ་བའི་དོན་ཚན་ཐོག་ལུ་ ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་གཞག་དང་ བློ་ལྡོག་རྣམ་པ་བཞིའི་རྣམ་གཞག་གི་སྐོར་ ཞིབ་འཚོལ་དང་རྩོམ་སྒྲིག་འབད་ཡོད་མི་འདི་ མཁས་ཚོགས་ཚུ་གིས་ མཐའ་དཔྱད་ཞུན་དག་བཅས་དཔར་སྐྲུན་འབད་དེ་ཕུལ་ནུག་ ཁོ་གིས་ མཐོ་རིམ་སློབ་གྲྭ་རྐྱངམ་གཅིག་ནང་མེན་པར་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ནང་ལུ་དང་ ལས་སྡེ་གཞན་ཚུ་ལུ་ཡང་ ཁྱད་རིག་གི་ཞབས་ཏོག་ཚུ་ ཕྱག་ཕྱིད་ཞུ་དང་ཞུ་བཞིན་དུ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༨ལས་མི་རྗེ་བློན་ཆེན་གྱི་བཀའ་རྒྱ་དང་འཁྲིལ་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ནང་ལུ་ རྫོང་ཁ་མཁས་ཚོགས་ཀྱི་འཐུས་མི་འབད་ཡང་ཕྱག་ཞུ་བའི་བསྒང་འདུག། ཁོ་གིས་ སྤྱི་ལོ་༢༠༡༢དང་༢༠༡༣ལུ་ དམིགས་བསལ་ཤེས་ཡོན་མཆོག་གྱུར་གྱི་ སློབ་སྟོན་ཞབས་ཏོག་ལེགས་གྲུབ་བྱུང་བ་དང་ ཡུན་རིང་གི་སློབ་སྟོན་ཞབས་ཏོག་ཕུལ་ཡོད་པའི་ངོས་འཛིན་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྒྱལ་ཡོངས་གཟེངས་འཐོན་གསེར་གྱི་རྟགས་མ་གཉིས་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་ མི་ལོ་༣༠ལྷག་སྟེ་ཞབས་ཏོག་ལེགས་གྲུབ་བྱུང་བའི་ ངོས་འཛིན་གྱི་རྒྱལ་གཞུང་ཞི་གཡོག་གཟེངས་བསྟོད་ཀྱི་རྟགས་མ་དང་ ལག་ཁྱེར་ཚུ་ཞུ་ནུག། 

Email: pemadendup.pce@rub.edu.bt