ཤེས་རབ་ལེའུ་གི་ཁྲིད་ལུང་གནང་ཡོདཔ།

ཤེས་རབ་ལེའུ་གི་ཁྲིད་ལུང་གནང་ཡོདཔ།

༉ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ ནང་རིག་ཤེས་ཡོན་དང་ཞིབ་འཇུག་དཔེ་མཛོད་ནང་ལུ་སྦེ་ སྤ་རོ་རབ་སྡེའི་ བླམ་གནས་བརྟན་མཆོག་གིས་ སྤྱི་ཚེས་ ༢༡/༠༨/༢༠༢༢ འབྲུག་ཟླ་ ༦ པའི་ཚེས་ ༢༥ མཁའ་འགྲོའི་དུས་ཆེན་དང་འབྲེལ་ཏེ་ མཐོ་རིམ་སློབ་གྲྭའི་ལེགས་བཤད་པ་དང་ ལས་བྱེད་པ་ཚུ་ལུ་ སྤྱོད་འཇུག་གི་ཁྲིད་ལུང་ཅིག་གནང་ཡི།

དེ་ཡང་ དཔལ་ཎ་ལནྜའི་པན་གྲུབ་ཆེན་པོ་ རྒྱལ་སྲས་ཞི་བ་ལྷ་གིས་ མཛད་གནང་མི་ བྱང་ཆུབ་སེམས་དཔའི་སྤྱོད་པ་གཙོ་བོར་བསྟན་པའི་གཞུང་ བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ནང་ལས་ ལེའུ་དགུ་པ་ཤེས་རབ་ལེའུ་གི་ཁྲིད་ལུང་ཅིག་ གནང་དགོཔ་སྦེ་ མཐོ་རིམ་སློབ་གྲྭའི་གཙོ་འཛིན་མཆོག་གིས་ གསོལཝ་ བཏབ་བཞིན་དུ་ བླམ་མཆོག་གིས་ཞལ་གྱིས་བཞེས་གནང་ཡོདཔ་ཨིན་པས།

བླམ་གནས་བརྟན་མཆོག་གིས་ སྤྱོད་འཇུག་མཛད་གནང་མི་ རྒྱལ་སྲས་ཞི་བ་ལྷ་གི་མཛད་རྣམ་དང་ ཁོ་གིས་ མཛད་གནང་མི་ བྱང་ཆུབ་སེམས་དཔའི་སྤྱོད་འཇུག་འདི་ རྩ་ཅན་དང་བྱིན་རླབས་ཅན་ཅིག་ཨིན་པའི་སྐོར་ལས་ཡང་ གསུངས་གནང་ཡི། དེ་ཡང་ སྔོན་མར་རྒྱ་གར་ནང་ལུ་ ཡོད་པའི་ བཤད་གྲྭ་ཆེན་མོ་ དཔལ་ཎ་ལནྜ་ལུ་ མཁས་པ་ཆེན་པོ་ འཛམ་གླིང་མཛེས་པའི་རྒྱན་དུ་གྱུར་པ་ རྒྱན་དྲུག་དང་། མཆོག་གཉིས། རྨད་བྱུང་གི་སློབ་དཔོན་གཉིས་ ཟེར་ བརྩི་སྲོལ་ཡོད་པའི་ནང་ལས་ རྒྱལ་སྲས་ཞི་བ་ལྷ་མཆོག་ རྨད་བྱུང་གི་སློབ་དཔོན་གཅིག་ཨིན་པས།  ། དེ་ལས་བརྟེན་ཏེ་ རྒྱ་གར་གྱི་ པཎྜི་ཏ་བུ་ཏི་ཙནྡྲ་མཆོག་གིས་ཞལ་ལས་ཡང་། རྒྱལ་བའི་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་དུ་བྱོན་མོད་ཀྱི། །ཞི་བ་ལྷ་ཡི་མཛད་པ་འདྲ། །ཉམས་དང་དགོངས་པ་ཅན་མི་རྙེད། ། ཟེར་ བསྟོད་བསྔགས་ཚུ་མཛད་གནང་སྟེ་ཡོདཔ་ཨིན་པས།

དེ་བཟུམ་མའི་ ངོ་མཚར་བའི་ཆེ་བའི་རྣམ་པར་ཐར་པ་བདུན་དང་ལྡན་མི་ མཁས་པའི་གཙུག་རྒྱན་རྒྱལ་སྲས་ཞི་བ་ལྷ་མཆོག་གིས་ མཛད་གནང་མི་ བྱང་ཆུབ་སེམས་དཔའི་སྤྱོད་འཇུག་འདི་ནང་ ལེའུ་བཅུ་ཐམ་ཡོདཔ་ཨིན་པས། དེ་ཚུ་ཡང་། ཇི་སྐད་དུ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག ། གསུངས་ཏེ་ཡོད་མི་ལུ་ གཞི་བཞག་སྟེ་ བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ མ་སྐྱེས་པ་སྐྱེད་པར་བྱེད་པའི་ལེའུ་གསུམ། སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ། མི་ཉམས་པ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ལེའུ་གསུམ། དེ་ལྟར་སྤེལ་བའི་དགེ་བ་ཡོངས་སུ་བསྔོ་བའི་ལེའུ་གཅིག་བཅས་ གཞུང་ཆེན་པོ་འདི་ནང་ ལེའུ་བཅུ་ཐམ་ཡོད་པའི་ནང་ལས་ ལེའུ་དགུ་པ་ཤེས་རབ་ཀྱི་ལེའུ་འདི་ གལ་གནད་ཅན་ཅིག་སྦེ་བརྩིཝ་ཨིན་པས། དེ་ཡང་ སྤྱོད་འཇུག་འདི་ནང་ལས་ར་ ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། ། ཟེར་གསུངས་ཏེ་ཡོད་དོ་བཟུམ་སྦེ་ ལེའུ་དགུ་པ་ དོན་དམ་བྱང་སེམས་སྤེལ་བ་ཤེས་རབ་ཀྱི་ ལེའུ་འདི་ ཁག་ཆེ་ཤོས་ཅིག་དང་ བྱིན་རླབས་ཆེ་ཤོས་ཨིནམ་ལས་ ཁྲིད་ལུང་ཞུ་མི་དང་ གནང་མི་གཉིས་ཆ་ར་ ག་ཅི་འདི་ སྐལ་བ་བཟང་ནུག་ ཟེར་ བླམ་གནས་བརྟན་མཆོག་གིས་གསུངས་གནང་ཡི།

ཤེས་རབ་ཀྱི་ལེའུ་གི་ཁྲིད་ལུང་གནང་ཚར་བའི་ཤུལ་ལུ་ བླམ་གནས་བརྟན་མཆོག་གིས་ ཀརྨ་པ་རང་བྱུང་རྡོ་རྗེ་གིས་མཛད་གནང་མི་ ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱི་ ལུང་ཅིག་ཡང་གནང་ཡི།

མཇུག་ར་ ཤེས་རབ་ལེའུ་ནང་ལས། ནམ་ཞིག་དམིགས་པ་མེད་ཚུལ་དུ། །གུས་པས་བསོད་ནམས་ཚོགས་བསགས་ཏེ། །དམིགས་པས་ཕུང་བར་གྱུར་རྣམས་ལ། །སྟོང་པ་ཉིད་ནི་སྟོན་པར་འགྱུར། ། ཟེར་གསུངས་དོ་བཟུམ་སྦེ་ བླམ་གནས་བརྟན་མཆོག་གིས་ དབུ་གཙོས་པའི་མཐོ་རིམ་གཙོ་འཛིན་དང་ ལེགས་བཤད་པ་ ལས་བྱེད་པ་ཚུ་གིས་ བསྔོ་སྨོན་དང་བཅས་ ཁྲིད་ལུང་འདི་ མཇུག་བསྡུ་ཡོད་པའི་གནས་ཚུལ།