སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་ལུ་ ནང་རིག་སྲོལ་རྒྱུན་དང་དེང་དུས་ཤེས་རིག་གི་འབྲེལ་མཐུན་ གྲོས་འཛོམས་ཐེངས་དང་པ་ འགོ་འདྲེན་འཐབ་ཡོདཔ།

སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་ལུ་ ནང་རིག་སྲོལ་རྒྱུན་དང་དེང་དུས་ཤེས་རིག་གི་འབྲེལ་མཐུན་ གྲོས་འཛོམས་ཐེངས་དང་པ་ འགོ་འདྲེན་འཐབ་ཡོདཔ།

སྤྱི་ཚེས ༢༠/༠༥/༢༠༢༢ ལསུ་ སྤྱི་ཚེས་ ༢༡/༠༥/༢༠༢༢ ཚུན་ ཉིན་གྲངས་གཉིས་ཀྱི་རིང་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་རིག་ཤེས་ཡོན་དང་ཞིབ་འཇུག་དཔེ་མཛོད་ཁང་དང་ སྲོལ་རྒྱུན་དང་ཁྱད་རིག་གོང་འཕེལ་ལྟེ་བ་གིས་ འགོ་འདྲེན་ཐོག་ལས་ ནང་རིག་སྲོལ་རྒྱུན་དང་དེང་དུས་ཤེས་རིག་གི་འབྲེལ་མཐུན་གྲོས་འཛོམས་ཐེངས་དང་པ་ འགོ་འདྲེན་འཐབ་ཅི།

གྲོས་འཛོམས་ཉིན་དང་པའི་ནང་ལུ་ སྐུ་མགྲོན་གཙོ་བོ་སྦེ་ གཞུང་གྲྭ་དགེ་འདུན་གྲྭ་ཚང་ནང་ལས་ ལས་ཚོགས་སློབ་དཔོན་རིན་པོ་མཆོག་བྱོན་གནང་ཡི། ལས་ཚོགས་སློབ་དཔོན་མཆོག་གིས་ འབྲུག་གི་རྒྱལ་པོ་བརྟན་བཞུགས་ལུ་ གཞི་བཞག་སྟེ་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ ངག་དབང་རྣམ་རྒྱལ་མཆོག་གིས་ འབྲུག་རྒྱལ་ཁབ་ནང་ལུ་ ནང་ཆོས་ཤེས་ཡོན་གཞི་བཙུགས་གནང་སྟེ་ འབྲུག་གི་བསྟན་སྲིད་ལུ་ ཕན་རླབས་ཆེ་བའི་ཕྱག་ལཱ་མཛད་གནང་ཡོད་པའི་སྐོར་ལས་ གསུངས་གནང་ཡི།

དེ་གི་ཤུལས་ བུམ་ཐང་བབཿརོན་ཐར་པ་གླིང་གྲྭ་ཚང་གི་བླམ་ མཁན་ཆེན་ ཚེ་དབང་བསོད་ནམས་མཆོག་གིས་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ འབྲུག་རྒྱལ་ཁབ་འདི་ནང་ བཀའ་དྲིན་ཆེ་བའི་ཕྱག་ཤུལ་ ལེ་ཤ་མཛད་གནང་ཡོད་པའི་སྐོར་ལས་ གསུངས་གནང་ཡི།

དེ་ཡང་ མཛད་བྱ་དང་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་ འབྲུག་ལུ་མི་དང་སེམས་ཅན་གྱི་དོན་ལུ་ འགྲོ་འགྲུལ་འབད་ནིའི་ལམ་ཡང་བསལ་ནུག ། དེ་ཡང་ སྔོན་མར་དཔྱེ་གཏམ་ལས་ གཡུས་ནུབ་སྦྱི་སྐོར་ཕུག་དགའ་བས་པ། བྲག་ཨོ་རྒྱན་བྲག་ལས་མི་ཐར་བས། ཟེར་ སླབ་སྲོལ་ཡོད་མི་ཚུ་ ཨོ་རྒྱན་གུ་རུ་རིན་པོ་ སྐུ་དངོས་བྱོན་ཏེ་ ལམ་བསལ་གནང་ཡོདཔ་ལས་ ད་རེས་ཡོངས་གྲགས་ལུ་ཨོ་རྒྱན་བྲག་ཟེར་མི་ ལམ་འདི་ ཨིནམ་ལས་ འབྲུག་གི་ལམ་སེལ་གྱི་སྲོལ་ཡང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་བཙུགས་གནང་ཡི་ཟེར་ གསུངས་གནང་ཡི།

དེ་མ་ཚད་ རྒྱལཔོ་སིན་དྷུ་ར་ཛཱ་དང་ རྒྱལཔོ་སྣ་བོ་ཆེ་གཉིས་ འཆམ་ཁ་བཟོ་སྟེ་ རྒྱ་འབྲུག་མཐུན་ལམ་གྱི་གཞི་འཛུགས་གནང་ཡོདཔ་མ་ཚད་ འཐུང་ཆུ་གི་དོན་ལས་ ས་གནས་ཁག་ལུ་སྒྲུབ་ཆུ་དང་། ཕོ་མོ་འདྲ་མཉམ་གྱི་སྲོལ་ཚུ་ཡང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་ འགོ་བཙུགས་གནང་ཡོདཔ་སྦེ་གསུངས་ཡི། དེ་ལས་ གསོ་བའི་དོན་ལས་ ཚ་ཆུ་དང་སྨན་ཆུ་བཏོན་གནང་ཡོདཔ་དང་། མ་འོངས་པའི་མི་སེར་ཚུ་ གཟུགས་ཁམས་འཕྲོད་བསྟེན་གོང་འཕེལ་གྱི་དོན་ལས་ རི་ཁྲོད་གངས་ཁྲོད་ཚུ་ནང་ སྐུ་རྗེས་དང་ཞབས་རྗེས་ཕྱག་རྗེས་ལ་སོགས་པའི་གནས་ཚུ་ བཏོན་གནང་སྟེ་ཡོད་ཟེར་གསུངས་ཡི།

ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་ ཆོས་དང་སྲིད་ཀྱི་དོན་ལུ་ ཕན་ཐོགས་ཆེ་བའི་ཕྱག་ལཱ་ལེ་ཤ་མཛད་གནང་སྟེ་ཡོདཔ་མ་ཚད་ སྤ་རོ་སྟག་ཚང་འདི་ གུ་རུ་རིན་པོ་ཆེ་གིས་ འབྲུག་གི་དཔལ་འབྱོར་གྱི་དོན་ལུ་ ཕྱག་བཤུལ་སྦེ་ བཞག་གནང་ནུག་ཟེར་གསུངས་གནང་ཡི།

དེ་གི་ཤུལ་ལས་ རྟ་མགོ་རྡོར་གདན་ནང་པའི་མཐོ་རིམ་སློབ་གྲྭའི་ སྤྱི་འཛིན་འོག་མ་ མཁན་པོ་ཉི་མ་ཤར་གྱིས་ ནང་ཆོས་དང་ཚན་རིག་གི་འབྲེལ་བའི་སྐོར་ལས་ གསལ་བཤད་གནང་ཡི། དེ་ལས་ མཐོ་རིམ་སློབ་གྲྭའི་རྫོང་ཁའི་ལེགས་བཤད་པ་ཚུ་གིས་ ནང་པའི་ཤེས་རིག་ནང་ལུ་ ཕན་ཐོགས་ཆེ་བའི་ཕྱག་ལཱ་མཛད་གནང་ཡོད་མི་ ཞུས་དགཔ་བསྟན་པ་རིན་ཆེན་དང་། སྐྱབས་རྗེ་དིལ་འགོ་མཁྱེན་བརྩེ་རིན་པོ་ཆེ་གིས་ འབྲུག་གི་ཤེས་རིག་དང་འབྲེལ་བའི་མཛད་རྣམ་དང་ ཕྱག་བཤུལ་བཞག་གནང་སྟེ་ ཡོད་མི་ཚུ་གི་ སྐོར་ལས་ གསལ་ཞུ་འབད་ཡི།

གྲོས་འཛོམས་ཉིནམ་དང་པ་འདི་ ནོར་བུ་གླིང་རིག་གཏེར་མཐོ་རིམ་སློབ་གྲྭ་ནང་ལས་ ལེགས་བཤད་པ་ པདྨ་ཚེ་རིང་གིས་ སྤ་རོ་རྫོང་ཁག་ནང་ཡོད་པའི་ ཚེ་རིང་མཆེད་ལྔའི་ནང་ལས་ གཙོ་མོ་ བཀྲ་ཤིས་ཚེ་རིང་མའི་སྐོར་ལས་ གསལ་བཤད་འབད་དེ་མཇུག་བསྡུ་ཡི།

གྲོས་འཛོམས་ཉིནམ་གཉིས་པའི་ནང་ལུ་ མཁན་ཆེན་བསོད་ནམས་ཚེ་དབང་གིས་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཆོག་གིས་ འབྲུག་རྒྱལ་ཁབ་འདི་ནང་ ཆོས་དང་སྤྲུལ་པའི་གདུང་གིས་སྒོ་ལས་ འགྲོ་དོན་རྒྱ་ཆེན་པོ་མཛད་མི་ བཀའ་དྲིན་ཅན་ཅིག་ཨིན་པའི་སྐོར་ལས་ གསལ་ཞུ་གནང་ཡི།

དེ་ལས་ མཐོ་རིམ་སློབ་གྲྭའི་རྫོང་ཁའི་ལེགས་བཤད་པ་དང་ སྤུ་ན་ཁ་ གསང་ཆེན་རྡོ་རྗེ་ལྷུན་གྲུབ་བཤད་གྲྭ། བུམ་ཐང་སྟངས་པདྨ་ ཆོས་གླིང་བཤད་གྲྭ། ཐིམ་ཕུ་ནང་པའི་གསོ་རིག་ཞབས་ཏོག་ལས་ཁུངས་ནང་ལས་ བཅའ་མར་གཏོགས་མི་ཚུ་གིས་ འབྲུག་གི་ཤེས་རིག་གི་མཁས་དབང་དང་ བླམ་རིན་པོ་ཆེ། འབྲུག་གི་གསོ་རིག་གི་འབྱུང་ཁུངས་ཚུ་གི་སྐོར་ལས་ གསལ་བཤད་གནང་ཡི། ཉིནམ་གཉིས་པའི་གྲོས་འཛོམས་ནང་ལུ་ མཐོ་རིམ་སློབ་གྲྭའི་ལེགས་བཤད་པ་ བདེ་སྐྱིད་དབྱངས་འཛོམས་ཀྱིས་ ཨ་ཎི་མཆོད་རྟེན་བཟང་མོའི་སྐོར་ལས་ ཨ་ཎི་མོ་རའི་གསོལ་འདེབས་ལུ་ གཞི་བཞག་སྟེ་ མཛད་རྣམ་ཚུ་ གསལ་ཞུ་འབད་དེ་མཇུག་བསྡུ་ཡི།

གྲོས་འཛོམས་འདི་ནང་ མཐོ་རིམ་སློབ་གྲྭའི་ རྫོང་ཁའི་ལེགས་བཤད་པ་དང་། བཤད་གྲྭ་ནང་ལས་ ཨ་ཎེམོ་བཞི་གིས་ བཅའ་མར་གཏོགས་གནང་ཡོདཔ་དང་། དོ་ཅི་ལས་ འགོ་བཙུགས་ཏེ་ ལོ་བསྟར་གྱི་ལས་རིམ་ཅིག་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས།

དེ་ཡང་ འབྲུག་དང་ཧི་མ་ལ་ཡན་གངས་ལྗོངས་རྒྱལ་ཁབ་ཀྱི་ ནང་ཆོས་ཤེས་རིག་མཁས་མཆོག་དང་། ཞིབ་འཚོལ་པ། རྩོམ་བྲིས་ཀྱི་ཉམས་མྱོང་ཅན་ཚུ་དང་། ཤེས་ཡོན་གཙུག་སྡེ་ཁག་གི་ལེགས་བཤད་པ་དང་ སློབ་དཔོན་ཚུ་ ལྷན་འཛོམས་ཀྱི་ཐོག་ལས་ རྒྱལ་ཁབ་དང་ མི་སྡེ་ཡོངས་ལུ་ ཕན་པའི་ནང་ཆོས་ཤེས་རིག་དང་འབྲེལ་བའི་ ཡོན་ཏན་དང་རིག་རྩལ་ཚུ་ ཞིབ་འཚོལ་ལམ་ལུགས་ཀྱི་ཐོག་ལས་ གང་མང་གསར་གཏོད་འབད་ཐབས་ལུ་དམིགས་ཏེ་ ཨིན་ཟེར་ མཐོ་རིམ་གཙོ་འཛིན་མཆོག་གིས་ གསུངསམ་ཨིན་པས།

དོ་ཅི་ གྲོས་འཛོམས་ནང་ལུ་ ནང་རིག་སྲོལ་རྒྱུན་དང་དེང་དུས་ཤེས་རིག་གི་འབྲེལ་མཐུན་ཡོད་པའི་ དོན་ཚན་ ༢༡ ཐོག་ལས་ གསལ་བཤད་འབད་ཡོད་པའི་གནས་ཚུལ།