མཐོ་རིམ་སློབ་གྲྭའི་མཐུན་རྐྱེན་གསརཔ་ཚུ་ལུ་རབ་གནས་གནང་ཡོདཔ།

མཐོ་རིམ་སློབ་གྲྭའི་མཐུན་རྐྱེན་གསརཔ་ཚུ་ལུ་རབ་གནས་གནང་ཡོདཔ།

སྤྱི་ཚེས་ ༢༢/༠༢/༢༠༢༡ གནམ་ལོ་ལྕགས་མོ་གླང་ལོ་ ཟླ་དང་པའི་ཚེས་ ༡༠ པ་ལུ་ གཟའ་སྐར་འཕྲོད་སྦྱོར་བཟང་བའི་དཔལ་གྱི་ཉི་མ་དང་བསྟུན་ཏེ་ གཞུང་གྲྭ་ཚང་གི་གཙུག་ལག་སློབ་དཔོན་སྐུ་བགྲེས་ བསམ་གཏན་རྡོ་རྗེ་མཆོག་གིས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་ལུ་ གསར་བསྒྲུབས་འབད་དེ་ཡོད་པའི་ ནང་རིག་ཤེས་ཡོན་དང་ཞིབ་འཇུག་གི་དཔེ་མཛོད་དང་ མཐོ་རིམ་སློབ་གྲྭའི་མཐུན་རྐྱེན་གསརཔ་ཚུ་ལུ་ རབ་གནས་མཛད་གནང་ཡི།

དེ་ཡང་ ལོ་ཕྱེད་དང་གཉིས་དེ་ཅིག་གི་རིང་ལུ་ གསར་བཟོ་འབད་མི་ ནང་རིག་ཤེས་ཡོན་དང་ཞིབ་འཇུག་དཔེ་མཛོད་འདི་ གཙོ་བོ་ར་ ནང་རིག་ཤེས་ཡོན་གོང་འཕེལ་གཏང་ཐབས་དང་ རྒྱལ་ཁབ་ཀྱི་ཆོས་དང་ལམ་སྲོལ་ཚུ་ ཞིབ་འཇུག་གི་ཐོག་ལས་ ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བཏང་སྟེ་ མ་འོངས་སློབ་དཔོན་ཚུ་གི་ཁྱད་རིག་དང་ལྕོགས་གྲུབ་ཡར་དྲག་གཏང་ཐབས་ལུ་ དམིགས་ཏེ་འགོ་བཙུགས་བཙུགསཔ་ཨིན་པས།

དཔེ་མཛོད་འདི་ནང་ སྐུ་རྟེན་གྱི་རིགས་དང་ ཐུགས་རྟེན་མཆོད་རྟེན་ དེ་ལས་ གསུང་རྟེན་དཔེ་ཆའི་རིགས་ དཔེ་གཟུགས་དང་ དེབ་གཟུགས་ནང་ལུ་ བསྡོམས་ཀྱིས་ སྟོང་ཕྲག་དྲུག་ལྷགཔ་ཅིག་མཁོ་སྒྲུབ་འབད་ནུག ། དེ་ཚུ་ཡང་ མི་ངོ་སྒེར་དང་ ཆོས་སྡེ་ བཤད་གྲྭ་ཚུ་ལས་ དཔེ་དེབ་ཀྱི་ཞལ་འདེབས་ཞུ་ཡོདཔ་མ་ཚད་ འབྲུག་གི་ས་གནས་ཁག་དང་ བོད་ཁམས་གསེར་རྟ་བླ་རུང་དང་ ཕྱི་རྒྱལ་ཨེ་མི་རི་ཀ་ཚུ་ལས་ མཐོ་རིམ་སློབ་གྲྭའི་བདག་སྐྱོང་གིས་ ཉོ་སྟེ་མཁོ་སྒྲུབ་འབད་ཡོདཔ་ཨིན་པས།

དེ་སྦེ་ ནང་རིག་ཤེས་ཡོན་དང་ཞིབ་འཇུག་དཔེ་མཛོད་ཟེར་ དཔེ་མཛོད་འཐེབ་ཅིག་ གསརཔ་སྦེ་ གཞི་བཙུགས་འབད་མི་འདི་གིས་ འཛམ་གླིང་གཅིག་འགྱུར་དང་ འཕྲུལ་རིག་གོང་འཕེལ་འགྱོ་བའི་དུས་སྐབས་ལུ་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གི་ མཛད་བྱ་བཟང་པོ་དང་ ཆོས་དང་ལམ་སྲོལ་ཚུ་ བདག་འཛིན་འབད་དེ་གོང་འཕེལ་གཏང་ཐབས་ཀྱི་དོན་ལས་དང་། མི་དབང་མངའ་བདག་རིན་པོ་ཆེའི་ཐུགས་ཀྱི་དགོངས་བཞེད་ཡང་ འབྲུག་གི་ཤེས་རིག་གི་ལྟ་བ་དང་ ལྕོགས་གྲུབ་ཀྱི་སྤུས་ཚད་ལས་བརྟེན་ཏེ་ མ་འོངས་རྒྱལ་ཁབ་ཀྱི་མི་སེར་འབྲུག་པའི་སློབ་ཕྲུག་ཚུ་ལུ་ རང་གི་རྒྱལ་ཁབ་ཀྱི་ཆོས་དང་ལམ་སྲོལ་གྱི་གཞི་རྩ་སྒྲིང་སྒྲིང་ཡོད་པའི་གུ་ འཛམ་གླིང་གི་གནས་ཚད་ནང་ལུ་ ག་དང་ཡང་ དོ་འགྲན་འབད་ཚུགས་པའི་ཡོན་ཏན་དང་ལྕོགས་གྲུབ་དགོ་ཟེར་ གསུངས་ཏེ་ཡོདཔ་ལས་ ནང་རིག་ཤེས་ཡོན་དང་ཞིབ་འཇུག་དཔེ་མཛོད་དེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་ཐུགས་ཀྱི་དགོངས་བཞེད་གྲུབ་ནིའི་དོན་ལུ་ རྒྱ་མཚོ་ནང་ལུ་ཆུ་ཐིག་བཟུམ་ཅིག་གི་ཞབས་ཏོག་གྲུབ་ཚུགས་ནིའི་དོན་ལུ་ཨིན། ཟེར་ མཐོ་རིམ་གཙོ་འཛིན་རྡོ་རྗེ་ཕྲིན་ལས་ཀྱིས་གསུངསམ་ཨིན་པས།

དེ་ལས་ མཐོ་རིམ་སློབ་གྲྭའི་མཐུན་རྐྱེན་གསརཔ་གཞན་ཡང་ མཐོ་རིམ་སློབ་གྲྭའི་ནང་ལུ་ ཉལ་ཁྲི་ ༡༧ ཡོད་པའི་མགྱོན་ཁྱིམ་གསརཔ་དང་། སྣང་དཀར་ལྷབ་སྦྱངས་ལྟེ་བ། ལས་བྱེདཔ་ངལ་གསོ་ཁང་དང་ མཐོ་རིམ་སློབ་གྲྭའི་ནང་གི་ སྲོལ་རྒྱུན་ཤེས་ཡོན་དང་ཁྱད་རིག་གོང་འཕེལ་ལྟེ་བ་ནང་ལུ་ཡང་ རབ་གནས་མཛད་གནང་ཡི། སྲོལ་རྒྱུན་ཤེས་ཡོན་དང་ཁྱད་རིག་གོང་འཕེལ་ལྟེ་བ་འདི་ ཤེས་རིག་གཙུག་ལག་གཞི་རིམ་ཆུང་བའི་ ལས་རིམ་ནང་ལུ་ཡོད་པའི་ སྦྱོང་ཚན་དང་འབྲེལ་ཏེ་ རྒྱལ་ཁབ་ཀྱི་ ལམ་སྲོལ་ཟང་པོ་ཚུ་ལུ་ གཞི་བཞག་སྟེ་ ཤེས་རིག་གཙུག་ལག་གཞི་རིམ་ཆུང་བའི་ སློབ་ཕྲུག་ཚུ་གིས་ དེང་སང་ དུས་རབས་ ༢༡ པའི་ཁྱད་རིག་དང་འབྲེལ་བའི་སློབ་སྟོན་ཐབས་ཤེས་དང་། ཞིབ་འཚོལ་ཐབས་ལམ། བློ་རིག་དང་སྒྱུ་རྩལ་ཤེས་ཡོན་ཚུ་ ཡར་རྒྱས་གཏང་ནིའི་དོན་ལུ་ དམིགས་གཏད་བསྐྱེད་དེ་ལྟེ་བ་འདི་ གཞི་བཙུགས་འབད་ཡོདཔ་ཨིན།

དེ་ཡང་ ཁྱད་རིག་དང་འབྲེལ་བའི་ ལས་རིམ་ནང་ལུ་ རང་ལུགས་སྙན་ཆ། རི་མོ་དང་བཟོ་རིག་ ཟློས་གར་དང་འཁྲབ་སྟོན། སྒྲིག་ལམ་རྣམ་གཞག་ཚུ་  ཤེས་ཡོན་རིག་རྩལ་དང་འབྲེལ་བའི་ཞིབ་འཚོལ་གྱི་ཐོག་ལས་ གོང་འཕེལ་གཏང་ཐབས་ལུ་ གློག་རིག་མཉེན་ཆས་དང་ བརྡ་དོན་འཕྲུལ་རིག་གི་ཐོག་ལས་ སློབ་སྟོན་འབད་ནི་ཡོདཔ་ཨིན་པས།