Samten Tharchen

Professional biography

བསམ་གཏན་མཐར་ཕྱིན་འདི་ རྟ་མགོ་མཐོ་རིམ་སློབ་གྲྭ་ལས་ སྤྱི་ལོ་ ༡༩༩༨ ལུ་ སྐད་ཡིག་དང་ནང་པའི་རིག་གཞུང་ནང་ལུ་ (MA) རིག་གཞུང་སློབ་དཔོན་གྱི་སློབ་སྦྱོང་མཐར་འཁྱོལ་ཞིནམ་ལས་ སྤྱི་ལོ་ ༡༩༩༩ ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ ལེགས་བཤད་པའི་གོ་གནས་བཞེས་ཏེ་ཡོདཔ་ཨིན། སྤྱི་ལོ་ ༢༠༠༣ ལུ་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་སྦེ་ (PGCE) གི་སྦྱོང་བརྡར་ཡང་གནང་ཡི། དེ་ལས་ སྤྱི་ལོ་ ༢༠༠༥ སྤྱི་ཟླ་ ༧ པ་ལས་ ༡༢ པ་ཚུན་ ཟླ་ངོ་ ༦ གི་རིང་ལུ་ སྤ་རོ་ཝ་ཆུ་སློབ་གྲྭ་ཆུང་བ་ནང་ལུ་ གཞི་རིམ་སློབ་གྲྭ་ནང་ལུ་ སློབ་སྟོན་འབད་བའི་ཉམས་མྱོང་ཡང་ཡོདཔ་ཨིན། ཁོ་གིས་ད་ལྟོ་ཚུན་ཚོད་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ གཞི་འཛུགས་སློབ་དཔོན་སློབ་སྦྱོང་ (PTC) གཞུང་ཁ་སློབ་དཔོན་སློབ་སྦྱོང་ (ZTC) ཤེས་རིག་གཙུག་ལག་གཞི་རིམ་གཞི་འཛུགས་སློབ་སྦྱོང་ (B.Ed Pry.) ཤེས་རིག་གཙུག་ལག་གཞི་རིམ་བར་མ་ (B.Ed Secondary) ཤེས་རིག་གཙུག་ལག་གཞི་རིམ་གོང་མ་ (PgDE) དང་ ཤེས་རིག་གཙུག་ལག་མཐོ་རིམ་ (M.Ed) སློབ་སྦྱོང་ཚུ་ནང་ལུ་ སྐད་ཡིག་ རྩོམ་རིག་ སློབ་སྟོན་ཐབས་ལམ་ སློབ་སྟོན་སྦྱང་རྩལ་ ཤེས་ཡོན་འབྲི་རྩལ་ ལག་ལེན་ཞིབ་འཚོལ་དང་ ཞིབ་འཚོལ་ཐབས་ལམ་གྱི་སྦྱོང་ཚན་ཚུ་ སློབ་སྟོན་འབད་དོ་ཡོདཔ་མ་ཚད་  མཐོ་རིམ་སློབ་གྲྭའི་གནས་ཚད་ནང་ལུ་ རྩ་གཞུང་དང་སྦྱོང་ཚན་ ལྷག་དེབ་དང་ལག་དེབ་ལེ་ཤ་ར་ གསར་རྩོམ་འབད་དེ་ཡོདཔ་ཨིན།

 

དེ་ལས་ སྤྱི་ལོ་ ༢༠༡༥ ལས་ མཐོ་རིམ་སློབ་སྦྱོང་ M.Ed གི་རྩོམ་ཡིག་ལམ་སྟོན་པ་ (Master’s Thesis supervisor) གི་ཕྱག་འགན་ཡང་ མཛད་དོ་ཡོདཔ་ཨིན། སྤྱི་ལོ་ ༢༠༠༥ ལས་ ༢༠༡༡ ཚུན་ ཤེས་ཡོན་རྩ་གཞུང་དང་ཁྱད་རིག་རྒྱབ་སྐྱོར་སྡེ་ཚན་ནང་ལུ་ སློབ་གྲྭའི་རྫོང་ཁ་ཆོས་ཚན་གྱི་འཐུས་མི་མཛད་དེ་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༠༦ ལས་ ༢༠༡༠ ཚུན་ འབྲུག་གི་སློབ་གྲྭའི་རྩ་གཞུང་གསར་རྩོམ་འབད་བའི་སྐབས་ལུ་ རྩོམ་སྒྲིག་བཀོད་ཚོགས་ཀྱི་འཐུས་མི་དང་ རྩོམ་སྒྲིག་པའི་ཕྱག་འགན་བསྣམས་ཏེ་ སློབ་རིམ་བློ་གསར་ལས་ བཅུ་གཉིས་ཚུན་གྱི་ རྩ་གཞུང་ སློབ་དེབ་ སློབ་དཔོན་གྱི་ལག་དེབ་ཚུ་ གསར་རྩོམ་འབད་དེ་ཡོདཔ་ཨིན། སྤྱི་ལོ་ ༢༠༡༦ ལས་ ༢༠༡༨ ཚུན་ སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ལུ་ སྐད་ཡིག་དང་རྩོམ་རིག་སློབ་སྦྱོང་ (BLL) གི་ཕྱི་འདྲེན་ཞིབ་དཔྱོད་པ་ (External Examiner) སྦེ་ ཕྱག་ཞུ་སྟེ་ཡོད། སྤྱི་ལོ་ ༢༠༡༩ ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ ལས་རིམ་སྤུས་ཚད་ལྟ་རྟོག་ཚོགས་ཆུང་ (PQC) གི་འཐུས་མི་སྦེ་ཡང་ ཕྱག་ཞུ་དོ་ཡོདཔ་ཨིན།  

Email: samtentharchen.pce@rub.edu.bt