ལས་རིམ་གྱི་དམིགས་ཡུལ།
རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་ལས་རིམ་འདི་གཙོ་བོ་འབྲུག་གི་ཁྱད་རིག་གནས་ཚད་དང་ལྡན་པའི་འབྲིང་རིམ་སློབ་གྲྭ་བར་མ་དང་། འབྲིང་རིམ་སློབ་གྲྭ་གོང་མའི་རྫོང་ཁ་སློབ་དཔོན་དང་། གཞན་ཡང་གཞུང་དང་སྒེར་གྱི་མཐོ་རིམ་སློབ་གྲྭ་ཁག་གི་རྫོང་ཁ་ལེགས་བཤད་པ་ཚུ་ལུ་རྫོང་ཁ་སྐད་ཡིག་དང་རིག་གཞུང་སློབ་སྟོན་འབད་ཐངས། སློབ་སྟོན་སྦྱང་རྩལ་དང་འབྲེལ་བའི་ཤེས་ཡོན་དང་རིག་རྩལ་སྤྲོད་ཐབས་ལུ་ཨིན།
སློབ་ཕྲུག་ཚུ་གིས་དེང་དུས་ཀྱི་གནས་སྟངས་དང་མཐུན་པའི་སློབ་སྟོན་འཆར་གཞི་བཟོ་སྟེ་སློབ་སྟོན་འབད་ཐངས་དང་། སྟོན་ཆས་གྲ་སྒྲིག་རྐྱབ་ཐངས། དེ་མ་ཚད་སློབ་ཕྲུག་ཚུ་གི་སྦྱོང་ལཱ་དང་ལྕོགས་གྲུབ་དབྱེ་ཞིབ་འབད་ཐངས། རྩ་གཞུང་བསྐྱར་ཞིབ་དང་གསརཔ་བཟོ་ཐངས། རྫོང་ཁའི་སྐད་ཡིག་དང་རྩོམ་རིག ཨ་ལོའི་རྣམ་རིག་དང་སེམས་ཁམས་རིག་པ། ལག་ལེན་ཞིབ་འཚོལ་དང་འབྲེལ་བའི་ནང་དོན་ཤེས་ཡོན་དང་རིག་རྩལ་མ་འདྲཝ་ཚུ་སློབ་སྦྱོང་འབད་ཚུགས།
ལྷག་པར་དུ་མཐོ་རིམ་སློབ་གྲྭ་ནང་ལྷབ་སྦྱང་འབད་བའི་སྦྱང་རྩལ་དང་རིག་རྩལ་མ་འདྲཝ་ཚུ་གནས་སྟངས་ངོ་མའི་ནང་ལག་ལེན་འཐབ་ཚུགསཔ་བཟོ་ནི་དོན་ལུ། སློབ་དུས་གཅིག་གི་རིང་སློབ་གྲྭ་ངོ་མའི་ནང་ཆོས་ཚན་གྱི་གཤིས་ཁ་དང་བསྟུན་འཆར་གཞི་དང་སྟོན་ཆས་གྲ་སྒྲིག་རྐྱབ་སྟེ་སློབ་སྟོན་འབད་ཐངས་ཀྱི་སྦྱང་བ་དང་ཉམས་མྱོང་ཚུ་འཐོབ་ཚུགས། འདི་མ་ཚད་BPST གི་ཁྱད་རིག་གནས་ཚད་དང་པའི་ཤེས་ཡོན་དང་རིག་རྩལ་ཚུ་སློབ་སྟོན་ལས་རིམ་ནང་ལག་ལེན་འཐབ་སྟེ། སློབ་སྟོན་གྱི་ལཱ་གཡོག་ལུ་བརྩི་མཐོང་བསྐྱེད་དེ་ལྷག་བསམ་ཡོད་པའི་ལྕོགས་གྲུབ་ཅན་གྱི་སློབ་དཔོན་ཅིག་སྦེ་ཕྱག་ཕྱིད་ཞུ་ཚུགས།།
སློབ་སྦྱོང་ལས་རིམ་གྲུབ་འབྲས།
རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་ལས་རིམ་མཐར་འཁྱོལ་མི་སློབ་ཕྲུག་ཚུ་གིས་
༡) ཤེས་རིག་དང་སློབ་སྟོན་ཐབས་ལམ་གྱི་དགོངས་དོན་མ་འདྲཝ་ཚུ་འགྲེལ་བཤད་རྐྱབ་སྟེ་སླབ་ཚུགས།
༢) སློབ་གྲྭའི་གྲལ་ཞུགས་དང་སློབ་སྟོན་སྦྱང་བའི་རྣམ་གཞག་གི་ཤེས་ཚད་ལེགས་ཤོམ་ཐོབ་ཚུགས།
༣) གཞུང་སྐད་རྫོང་ཁ་གི་ཐོག་ལུ་ཁྱད་རིག་སྦྱོང་ཚན་ ཞིབ་འཚོལ་དང་འབྲེལ་བའི་ནང་དོན་ཚུ་གི་སློབ་སྟོན་མཐིལ་ཕྱིན་
འབད་ཚུགས།
༤) སློབ་སྟོན་འབད་ཐངས་ཚུ་གནས་སྟངས་དང་འཁྲིལ་ལེགས་སྒྱུར་འབད་དགོ་པའི་རྒྱབ་ཁུངས་བཀལ་ཚུགས།
༥) དོན་ཚན་གྱི་གཤིས་ཁ་དང་འཁྲིལ་སློབ་སྟོན་འཆར་གཞི་དང་སྟོན་ཆས་ཚུ་གསརཔ་བཟོ་སྟེ་སློབ་སྟོན་འབད་ཚུགས།
༦) རྫོང་ཁ་ཆོས་ཚན་གྱི་རྩ་གཞུང་ཚུ་དགོས་མཁོ་དང་འཁྲིལ་ཏེ་སྔོན་བྱོན་མཁས་པའི་ཡིག་ཆ་དང་རྩོམ་རིག་ལུ་གཞི་བཞག་
སྟེ་བསྐྱར་ཞིབ་འབད་ཚུགས།
༧) དབྱེ་ཞིབ་རེའུ་མིག་དང་ཚད་གཞི་ཚུ་ཁ་གསལ་བཟོ་སྟེ་སློབ་ཕྲུག་གི་ཤེས་ཚད་དང་ལྕོགས་གྲུབ་ཚུ་དྲང་བདེན་གྱི་ཐོག་ལས་
དབྱེ་ཞིབ་འབད་ཚུགས།
༨) སློབ་ཕྲུག་དང་གཅིག་ཁར་འབྲེལ་བ་འཐབ་དགོཔ་ཚུ་ཁྱད་རིག་གི་ལམ་ལུགས་དང་འཁྲིལ་འབད་ཚུགས།
༩) སློབ་སྟོན་ཐབས་ལམ་ཚུ་དོན་ཚན་གྱི་གཤིས་ཁ་དང་སློབ་ཕྲུག་གི་མཁོ་འདོད་དང་འཁྲིལ་ལག་ལེན་འཐབ་ཚུགས།
༡༠) སློབ་སྟོན་གྱི་དཀའ་ངལ་དང་འབྲེལ་བའི་གནད་དོན་ཐོག་ལུ་ལག་ལེན་ཞིབ་འཚོལ་འབད་དེ་སྙན་ཞུ་འབྲི་ཚུགས།
༡༡) སློབ་ཕྲུག་གི་སྦྱོང་ལཱ་དང་བྱ་སྤྱོད་ཚུ་བལྟ་རྟོག་འབད་ཐོག་ལས་སློབ་ཕྲུག་ཚུ་ལུ་ཕན་ཐོགས་ཅན་གྱི་བསམ་ལེན་དང་གྲོས་བསྟུན་ཚུ་དུས་ཚོད་ཁར་འབྱིན་ཚུགས།
༡༢) སློབ་སྟོན་ལས་རིམ་ནང་བརྡ་དོན་འཕྲུལ་རིག་མ་འདྲཝ་ཚུ་དགོས་མཁོ་དང་བསྟུན་ལག་ལེན་འཐབ་ཚུགས།
༡༣) BPST གི་གཡོག་གི་མདུན་ལམ་བཞི་ལས་གནས་རིམ་དང་པའི་ཁྱད་རྣམ་ཚུ་སློབ་སྟོན་ཁྱད་རིག་གོང་འཕེལ་གྱི་དོན་ལུ་དོན་སྨིན་ཅན་ཅིག་སྦེ་ལག་ལེན་འཐབ་ཚུགས།
སློབ་སྦྱོང་ལས་རིམ་གྱི་བཀོད་རིས།
ཐིག་ཁྲམ་༡ པ། རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་རྩ་གཞུང་བཀོད་རིས།
ལོ་ངོ་། | སློབ་དུས། | སྦྱོང་ཚན། | |||
༡ | I
| PSY503 Introduction To Educational Psychology | PED508 སློབ་སྟོན་སྦྱང་རྩལ། | ASE503 དབྱེ་ཞིབ་ཐབས་ལམ། | DLN510 རྫོང་ཁ་སྐད་ཡིག |
II | PRT504 སློབ་གྲྭའི་ཉམས་མྱོང། | ||||
༢ | I | CUR605 སློབ་གྲྭའི་རྩ་གཞུང་ སློབ་སྦྱོང་། | RES603 ཤེས་རིག་ལག་ལེན་ཞིབ་འཚོལ། | PED609 གོང་རིམ་སློབ་སྟོན་ཐབས་ལམ། | DLT605 རྩོམ་རིག |
འཛུལ་ཞུགས་ཚད་གཞི།
རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་སློབ་སྦྱོང་ལས་རིམ་ནང་རྫོང་ཁ་ཡང་ན་རིག་གཞུང་ཆོས་ཚན་ནང་གཙུག་ལག་གཞི་རིམ་གྱི་མཐར་འཁྱོལ་མི་དགོ་པའི་ཁར། ཤེས་ཚད་ཡོངས་བསྡོམས་ཀྱི་བརྒྱ་ཆ་ཉུང་མཐའ་ ༥༥% ངེས་པར་དུ་དགོཔ་ཨིན། སློབ་ཕྲུག་གདམ་འཐུ་འབད་ཐངས་ཁག་གཉིས་ཡོད། ཁག་དང་པ་འདི་གཞུང་གི་སློབ་གཉེར་དོན་ལུ་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་གདམ་འཐུ་འབད་མི་དང་། ཁག་གཉིས་པ་འདི སྒེར་གྱི་སློབ་གཉེར་བའི་ཐོག་ལུ་སློབ་སྦྱོང་འབད་བར་འོང་མི་ཚུ་ཨིན། སྒེར་གྱི་སློབ་སྦྱོང་པའི་གདམ་འཐུ་འདི་ སྤྱིར་བཏང་ངེས་པར་དུ་ཚང་དགོ་པའི་ཚད་ཚང་བའི་ཁར་ གཤམ་འཁོད་ཀྱི་ཚད་གཞི་ལུ་གཞི་བཞག་སྟེ་ སྤ་རོ་ཤེས་ཡིག་མཐོ་རིམ་སློབ་གྲྭའི་ལམ་ལུགས་དང་འཁྲིལ་གདམ་འཐུ་འབད་དགོཔ་ཨིན། འབྲི༌རྒྱུགས༌འདི༌རིག་གཞུང་ཆོས་ཚན་བརྡ་ཡིག་ངག་སྒྲོན། སུམ་རྟགས། སྙན་ངག རྒྱལ་སྲས་ལག་ལེན། བཤེས་སྤྲིངས། སྤྱོད་འཇུག དབུ་མ་ཚུ་ལུ་གཞི་བཞག་སྟེ་ལེན་ནི་དང་། ངག་རྒྱུགས་འདི་རྫོང་ཁ་བརྡ་སྦྱོར། སློབ་སྟོན་དང་འབྲེལ་བའི་ཁྱད་རིག་དང་སྤྲོ་བ། ཤེས་རིག་གི་འབྱུང་རབས་དང་རྒྱལ་ཡོངས་དམིགས་ཡུལ་ཚུ་ལུ་གཞི་བཞག་སྟེ་འབད་ནི་ཨིན།
ཚད་གཞི། | ལྗིད་ཚད། |
ཤེས་ཚད། | ༣༠% |
འབྲི་རྒྱུགས། | ༥༠% |
ངག་རྒྱུགས། | ༢༠% |
བསྡོམས། | ༡༠༠% |
For Inquiries , you may contact:Mr. Tandin Peljor Mr. Karma Yeshey Programme Leader Dean of Academic Affairs B.Ed Dzongkha Email: karmayeshey.pce@rub.edu.bt Email: tandinpeljor.pce@rub.edu.bt Phone # +975-8-271870 Phone # +975-8-271487 Fee Structure Inquires about tuition fees may be directed to tsheringtenzin.pce@rub.edu.bt at phone number +975-8-271497 |