ཞི་གནས་ཀྱི་སྦྱོང་བརྡར་ཐེངས་དང་པ།
སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་ལུ་ རང་ལུགས་ནང་པའི་ཆོས་ཀྱི་ནང་ཡོད་པའི་ ཞི་གནས་བསྒོམ་ཐངས་ཀྱི་སྦྱོང་བརྡར་འགོ་དང་པ་འདི་ ནང་རིག་ཤེས་ཡོན་དང་ཞིབ་འཇུག་གི་དཔེ་མཛོད་ནང་ལུ་ སྤྱི་ཚེས་ ༢༡/༡༡/༢༠༢༠ ལུ་ ཉིན་གྲངས་གཅིག་གི་རིང་ལུ་ འགོ་འདྲེན་འཐབ་ཅི།
མཐོ་རིམ་སློབ་གྲྭ་གིས་ གསོལ་འདེབས་ཞུཝ་བཞིན་དུ་ སྤ་རོ་རབ་སྡེའི་ བླམ་གནས་བརྟན་གྱིས་ ཞི་གནས་ཀྱི་དགོས་པ་དང་ ཞི་གནས་ཀྱི་སྐབས་ལུ་ ལུས་གནས་བཅའ་ཚུལ། རྟེན་བཅས་ཞི་གནས་བསྒོམ་ཐངས་ཀྱི་དཔེ་སྟོན་དང་ ལག་ལེན་དངོས་འཐབ་ཀྱི་སྦྱང་བ། དེ་ལས་ རང་སོའི་མྱོང་སྟོབས་ཀྱི་དྲིས་ལན་ཚུ་འབད་ཐོག་ལས་ སློབ་སྟོན་མཛད་གནང་ཡི།
མཐོ་རིམ་གཙོ་འཛིན་གྱིས་ གསུངས་མིའི་ནང་ལུ་ “ཞི་གནས་ཀྱི་སྦྱོང་བརྡར་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བ་རང་ གཞུང་གྲྭ་ཚང་ནང་ལས་ མཁན་པོ་དང་ བླ་སློབ་མཁས་དབང་ཚུ་གདན་འདྲེན་ཞུ་སྟེ་ རང་ལུགས་ནང་པའི་ཆོས་ཀྱི་ནང་ལུ་ཡོད་པའི་བསྒོམ་གྱི་རིགས་ཚུ་ ལེགས་བཤད་པ་ཚུ་ལུ་ སྦྱང་བ་འབད་བཅུག་ནི་དང་། ལེགས་བཤད་པ་ཚུ་གིས་ སློབ་དཔོན་སློབ་སྦྱོང་པ་ཚུ་ལུ་ ཞི་གནས་བསྒོམ་ཚུལ་གྱི་རིགས་ཚུ་ སློབ་དཔོན་འབད་ཚུགས་ཐབས་ལུ་ཨིན་པས། དེ་ལས་ སློབ་སྦྱོང་པ་ཚུ་གིས་ འབྲུག་གི་སློབ་གྲྭའི་ཁག་ལུ་ རང་ལུགས་བསྒོམ་ཉམས་ལེན་གྱི་རིགས་ཚུ་སློབ་སྟོན་འབད་དེ་ དར་ཁྱབ་གཏང་ཚུགས་ནིའི་དོན་ལུ་ཨིན་པས། དེ་ཡང་ ཞི་གནས་ལ་སོགས་པའི་བསྒོམ་གྱི་རིགས་ཚུ་ རང་ལུགས་ནང་པའི་ཆོས་ཀྱི་ནང་ལུ་ ལེ་ཤ་ཡོདཔ་བཞིན་དུ་ ནང་པའི་ཆོས་ཀྱི་ནང་མེདཔ་བཟུམ་སྦེ་ རོགས་ཕྱི་རྒྱལ་གྱི་མི་ཚུ་ལས་ ལྷབ་སྦྱང་འབད་དགོཔ་ མི་འཐོན་ནིའི་དོན་ལུ་ཨིན།” ཟེར་ གསུངསམ་ཨིན་པས།
ཞི་གནས་ཀྱི་སྦྱོང་བརྡར་ནང་ལུ་ ལུས་གནས་བཅའ་ཚུལ་གྱི་སྐབས་ ལུས་རྣམ་སྣང་ཆོས་བདུན་གྱི་ཐོག་ལས་སྡོད་ཚུལ་དང་ ལུས་རྣམ་སྣང་ཆོས་བདུན་གྱི་ཐོག་ལས་སྡོད་པ་ཅིན་ རང་གི་སེམས་ཁམས་དང་ གཟུགས་ཁམས་ཚུ་ལུ་ཡང་ ཕན་ཐོགས་ཡོདཔ་སྦེ་གསུངས་ཡི། དེ་ཡང་ ལུས་དྲང་པས་རྩ་དྲང་། རྩ་དྲང་པས་རླུང་རྒྱུ། རླུང་རྒྱུ་བས་སེམས་འཛིན། ཟེར་ ཡོདཔ་ལས་ ལུས་འདི་ རྣམ་སྣང་ཆོས་བདུན་གྱི་ཐོག་ལས་སྡོད་པ་ཅིན་ ཞི་གནས་ཀྱི་དྲོཝ་ཚོརཝ་ད་ ལྷག་མཐོང་གི་ཉམས་ཐོབ་ཨིན། བླམ་གནས་བརྟན་མཆོག་གིས་གསུངསམ་ཨིན་པས།
དེ་མ་ཚད་ བསྒོམ་ཟེར་མི་འདི་ གཙོ་བོ་ར་ རང་གི་སེམས་ མ་ཡེངས་པར་བཞག་ཐབས་ཀྱི་དོན་ལས་ སྦྱང་བ་འབད་མི་འདི་ལུ་སླབ་ཨིན་པས། དེ་ཡང་ “མ་ཡེངས་པ་ནི་གནད་ཀྱི་མཆོག །” ཟེར་གསུངས་ཏེ་ཡོདཔ་མ་ཚད་ “མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ།” ཟེར་གསུངས་སྟེ་ཡོདཔ་ལས་ བསྒོམ་གྱི་སྐབས་ལུ་ རང་གི་སེམས་བཞག་སའི་རྟེན་ཅིག་ བཞག་སྟེ་ འདི་གུ་ སེམས་བརྟེན་ཏེ་ དཔྱེ་འབདན་ བ་ཅིག་རྩྭ་སྒོར་ནང་ལུ་ ཙོག་ཕུ་གུར་ ཐགཔ་བཏགས་ཏེ་བཞག་དོ་བཟུམ་སྦེ་ བཞག་དགོཔ་ཨིན་པས། དེ་ལས་ བ་གིས་མགུ་ཏོ་ཙོག་ཕུར་གུར་ བསྡམ་མ་ཡང་མ་དྲག་ ཐག་པའི་རིང་ཚད་འདི་ལས་ གཞན་ཁར་ཡང་ མ་འགྱོ་བར་ འགྲིམ་ལྷོད་རན་ཏོག་ཏོ་སྦེ་ སྡོད་པ་ཅིན་ བ་ལུ་ བདེ་བ་ཐོབ་དོ་བཟུམ་སྦེ་ རང་གི་སེམས་ཡང་ སྒྲིམ་ཡང་མ་དྲག་ ལྷོད་ཡང་ མ་དྲག་པར་བཞག་དགོཔ་ཨིན་པས། དེ་ཡང་ མ་ཅིག་ལབ་སྒྲོན་གྱིས་ཡང༌། “གྲིམས་ཀྱིས་སྒྲིམ་ལ་ལྷོད་ཀྱིས་གློད། །དེ་ལ་ལྟ་བའི་གནད་ཅིག་ཡོད། །” ཟེར་གསུངས་ཡོདཔ་བཟུམ་ སེམས་ ནང་ན་བྱིམ་སྟེ་ཡང་མེན་ ཕྱི་ཁར་རྒོད་ཟེར་ སེམས་ཀྱིས་ རྒྱ་སྐོར་བོད་སྐོར་རྐྱབ་སྟེ་ཡང་ མེན་པར་ སྒྲིམ་ལྷོད་རན་པར་ བཞག་སྟེ་ བསྒོམ་དགོཔ་ཨིན་པས།
བཅའ་མར་གཏོགས་མི་ ལེགས་བཤད་པ་ཅིག་གིས་ “ཞི་གནས་བསྒོམ་ནི་འདི་ བླམ་ཆོསཔ་རྐྱངམ་ཅིག་ལུ་མེན་པར་ སྤྱིར་བཏང་མི་སེར་ག་ར་དང་ ལྷག་པར་དུ་ སློབ་དཔོན་ཚུ་ལུ་འདི་ གནམ་མེད་ས་མེད་ཁག་ཆེ་ནི་ཨིན་པས།” ཟེར་ བཤདཔ་ཨིན་པས། དེ་བཟུམ་སྦེ་ ལེགས་བཤད་གཞན་ཅིག་གིས་ཡང་ “ཞི་གནས་བསྒོམ་མི་འདི་གིས་ ལུས་འདུ་འཛིས་དབེན། སེམས་རྣམ་རྟོག་གིས་དབེན་པ་གཉིས་བསྟེན་ནི་དང་། མ་འོངས་པ་ལུ་ བསྐྱེད་རིམ་གྱི་དམིགས་པ་གསལ་བའི་སྐབས་ལུ་ཡང་ ཕན་ཐོགས་སྦོམ་འོང་ནི་ཨིན་པས།” ཟེར་བསམ་འཆར་བཤདཔ་ ཨིན་པས།
ཞི་གནས་ཀྱི་སྦྱོང་བརྡར་འདི་ནང་ རྫོང་ཁ་དང་ སྲོལ་རྒྱུན་ལྟེ་བའི་ ལེགས་བཤད་པ་ཚུ་གིས་བཅའ་མར་གཏོགས་ནུག ། སྦྱོང་བརྡར་དེ་ ཤུལ་མའི་ཟླཝ་ནང་ལུ་ཡང་ འཕྲོ་མཐུད་དེ་ འགོ་འདྲེན་འཐབ་ནི་ཨིན་པས།