རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་གྱི་ལས་རིམ་(PGDE)གསརཔ། @ dz

རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་གྱི་ལས་རིམ་(PGDE)གསརཔ།

སྤྱི་ཚེས་ ༢༠/༠༢/༢༠༢༠ ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་ལུ་ ཟླ་ངོ་ ༡༨ ཀྱི་རིང་ལུ་འབད་མི་ རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་གྱི་ལས་རིམ་(PGDE)གསརཔ་ཅིག་འགོ་འབྱེད་གནང་ཡི།འགོ་འབྱེད་ཀྱི་ལས་རིམ་འདི་ཁར་ཤེས་རིག་ལྷན་ཁག་ནང་ལས་ཤེས་རིག་དྲུང་ཆེན་མཆོག་སྐུ་མགྲོན་གཙོ་བོ་སྦེ་བྱོན་ཡི།སྤ་རོ་ལུང་ཕྱོགས་ནང་ལས་དྲག་ཤོས་རྫོང་བདག་གིས་གཙོས་པའི་དྲག་ཤོས་རྫོང་རབ་དང་ལས་ཁུངས་ཁག་གི་འགོ་དཔོན་སྤ་རོ་སློབ་གྲྭ་ཁག་ལས་སློབ་དབུ་འཛིན་ཚུ་གིས་ཡང་བཅའ་མར་གཏོགས་ཅི། ལས་རིམ་འདི་ནང་ཟླ་ངོ་ ༡༢ ཀྱི་རིང་ལུ་ སློབ་སྟོན་ལུ་ མཁོ་བའི་ཁྱད་རིག་གི་སྦྱོང་ཚན་ སློབ་སྟོན་ཐབས་ལམ་དང་ སློབ་སྟོན་སྦྱང་རྩལ་ ཤེས་རིག་ཞིབ་འཚོལ་ཚུ་ སློབ་སྦྱོང་འབད་ནི་དང་ ཟླ་ངོ་ ༦ གི་རིང་ལུ་ སློབ་གྲྭ་ཁག་ལས་ཕར་ སློབ་སྟོན་ཉམས་མྱོང་གི་དོན་ལས་ སློབ་སྟོན་སྦྱང་བ་འབད་ནི་ཨིན་པས། ཟླ་ངོ་ ༡༨ ཀྱི་ (PGDE) ལས་རིམ་འདི་ནང་ དུས་ཅི་ སློབ་སྦྱོང་པ་བུམོ་ ༢༢ དང་ བུཚ་ ༤༧ བསྡོམས་ཏེ་ སློབ་སྦྱོང་པ་ ༦༩ བཅའ་མར་གཏོགས་ཏེ་ཡོདཔ་ཨིན་པས།

ཁོང་སློབ་སྦྱོང་པ་ཚུ་གིས་ (སློབ་རིམ་ ༧ པ་ལས་ ༡༢ པ་ཚུན་) འབྲིང་རིམ་བར་མ་དང་ འབྲིང་རིམ་གོང་མའི་སློབ་གྲྭ་ཚུ་ནང་ལུ་ རྫོང་ཁའི་སྐད་ཡིག་དང་རྩོམ་རིག་ཚུ་ སློབ་སྟོན་འབད་ནིའི་དོན་ལུ་ དམིགས་ཏེ་ སྦྱོང་བརྡར་ཚུ་འབད་ནི་ཨིན་པས། ། རྫོང་ཁའི་སློབ་དཔོན་ཚུ་གི་དོན་ལས་ རྫོང་ཁའི་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་གྱི་ལས་རིམ་དེ་ཡང་ སྔོན་མར་ སྤྱི་ལོ་ ༢༠༠༡ ལུ་ བསམ་རྩེ་ཤེས་རིག་སྤེལ་ཁང་ནང་ལུ་ རྫོང་ཁ་གཙུག་ལག་གཞི་རིམ་ལག་ཁྱེར་ཤེས་ཡོན་(PGCE) སྦེ་ འགོ་དང་པ་གཞི་བཙུགས་འབད་ནུག།

དེ་ལས་ ༢༠༠༧ ལུ་ཚུར་ རྫོང་ཁ་གཙུག་ལག་གཞི་རིམ་ལག་ཁྱེར་ཤེས་ཡོན་(PGCE)ལས་རིམ་འདི་ སྤ་རོ་ལུ་སྦེ་ འགོ་འདྲེན་འཐབ་ནུག། དེ་ལས་ ལོ་གཅིག་གི་ཤུལ་ལས་ སྤྱི་ལོ་ ༢༠༠༨ ལུ་ རྫོང་ཁའི་སྐད་ཡིག་དང་རྩོམ་རིག་གི་སློབ་སྟོན་ལུ་ གཙོ་བོར་སྟོན་ཏེ་ སྦྱོང་ཚན་ཚུ་ཡང་ ལེགས་བཅོས་འབད་དེ་ རྫོང་ཁ་གཙུག་ལག་གཞི་རིམ་གོང་མའི་ཤེས་ཡོན་གྱི་ལས་རིམ་(PGDE) སྦེ་འགོ་བཙུགས་ནུག། ལས་རིམ་འདི་ ལེགས་བཅོས་དང་འགྱུར་བཅོས་མ་འབད་བར་ ལོ་ངོ་ ༡༢ འདེ་ཅིག་སོང་ཡོདཔ་ལས་ དུས་དང་བསྟུན་པའི་སློབ་སྟོན་ཐབས་ལམ་ སློབ་སྟོན་སྦྱང་རྩལ་ སློབ་གྲྭའི་ཉམས་མྱོང་ཚུ་ གཙོ་བོར་སྟོན་ཐོག་ལས་ སྦྱོང་ཚན་ལེགས་བཅོས་འབད་དེ་ སྔོན་མར་ ལོ་གཅིག་གི་ལས་རིམ་འདི་ ཟླ་ངོ་ ༡༨ ཀྱི་ལས་རིམ་ལུ་ ཡར་སེང་འབད་དེ་ འགོ་བཙུགས་ཡོདཔ་ཨིན་པས།