B.Ed Primary Dzongkha @ dz

b-ed-primary-dzongkha-dz

རྫོང་ཁ་གཙུག་ལག་གཞི་རིམ་གཞི་འཛུགས་ཤེས་ཡོན་གྱི་ལས་རིམ་གསརཔ།

དོ་ཅི་སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༢༠ འབྲུག་རྒྱལ་ཁབ་ནང་ལུ་ རྫོང་ཁ་གཞི་འཛུགས་སློབ་སྟོན་ཤེས་ཡོན་གྱི་ལས་རིམ་གསརཔ་འདི་སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་ལུ་ འགོ་འབྱེད་ཀྱི་རྟེན་འབྲེལ་འབད་ཡི། 

རྟེན༌འབྲེལ༌གྱི༌ལས༌རིམ༌འདི༌ནང༌ མཐོ་རིམ་གཙོ་འཛིན་གྱིས་གཙོས་པའི་སྒྲིག་འཛིན་དང་ ལེགས་བཤད་པ་ ལས་རིམ་ནང་བཅའ་མར་གཏོགས་མི་དང་ སློབ་སྦྱོང་པ་ཚུ་གིས་ བཅའ་མར་གཏོགས་ཡི།

ལས་རིམ་འདི་ཡང་ སྤྱི་ལོ་ ༢༠༡༧ ལོའི་ རྒྱལ་ཡོངས་ཤེས་རིག་ཞལ་འཛོམས་ཐེངས་ ༡༨ པའི་ནང་གི་གྲོས་ཆོད་དང་འཁྲིལ་ཏེ་ རྫོང་ཁའི་གཞི་འགྱམ་ སྒྲིང་སྒྲིང་བཟོ་ཐབས་ལུ་དམིགས་ཏེ་ གཞི་རིམ་ཆུང་བ་ བློ་གསར་སློབ་རིམ་ལས་འགོ་བཙུགས་ཏེ་ རྫོང་ཁའི་ཆོས་ཚན་འདི་ རྫོང་ཁའི་སློབ་དཔོན་ཚུ་གིས་ སློབ་སྟོན་འབད་དགོཔ་སྦེ་ རྒྱལ་ཡོངས་ཤེས་རིག་གི་སྲིད་བྱུས་ནང་ཚུད་དེ་ཡོདཔ་ཨིན་པས།

རྒྱལ་ཡོངས་ཤེས་རིག་གི་སྲིད་བྱུས་འདི་དང་འཁྲིལ་ཏེ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ སློབ་རིམ་བློ་གསར་ལས་སློབ་རིམ་དྲུག་པ་ཚུན་གྱི་སློབ་ཕྲུག་ཨ་ལོ་ཚུ་གི་སྐོར་ལས་ཧ་གོ་དགོཔ། གཞི་འཛུགས་ཀྱི་སློབ་སྟོན་ཐབས་ཤེས། ཆོས་ཚན་མཁས་སྦྱང་། ཁྱད་རིག་ཡར་རྒྱས། རང་ཡར་རྒྱས་ བརྩི་མཐོང་གི་སྦྱོང་ཚན་ཚུ་སྦྱང་བ་འབད་དེ་ ཨ་ལོའི་ཡར་རྒྱས་ཀྱི་འགྱུར་བ་དང་འཁྲིལ་བའི་ཐབས་ལམ་སྣ་ཚོགས་བཏོན་ནིའི་ནང་ ཁྱད་རིག་གནས་ཚད་དང་ལྡན་པའི་ འཇོན་སྟངས་ཅན་གྱི་སློབ་སྟོན་པ་ཅིག་སྦེ་བཟོ་ནི་ལུ་ དམིགས་ཡུལ་གཙོ་བོ་བསྐྱེད་དེ་ལས་རིམ་འདི་ འགོ་བཙུགས་བཙུགསཔ་ཨིན་ཟེར་ ལས་རིམ་འགོ་འཁྲིདཔ་ ལེགས་བཤད་པ་ དཔལ་འབྱོར་གྱིས་བཤདཔ་ཨིན་པས། 

འབྲུག་རྒྱལ་ཁབ་ནང་ཤེས་རིག་སྲིད་བྱུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ སྤྱི་ལོ་ ༡༩༨༦ ཚུན་ རྫོང་ཁ་ཡར་རྒྱས་ཡིག་ཚང་གིས་ རྫོང་ཁའི་སློབ་དཔོན་ཚུ་ལུ་ སྔོན་འགྲོའི་སློབ་སྦྱོང་ཟེར་ ཟླ་ངོ་ ༢ དང་ ༣ རེའི་སྦྱོང་བརྡར་གནང་སྟེ་ སློབ་གྲྭ་ནང་ལུ་གཏངམ་ཨིན་པས།  དེ་བཟུམ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ གཞི་བཙུགས་འབད་ཞིནམ་ལས་ སྤྱི་ལོ་ ༡༩༨༧ ལས་ སྤྱི་ལོ་ ༡༩༩༢ ཚུན་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ རྫོང་ཁའི་སློབ་དཔོན་ཚུ་ལུ་ ཟླ་ངོ་ ༢ དང་ ༣ རེ་སྦྱོང་བརྡར་བྱིན་ཏེ་ སློབ་གྲྭ་ནང་བཏངམ་ཨིན་པས། སྤྱི་ལོ་ ༡༩༩༣ ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ནང་ རྫོང་ཁའི་སློབ་དཔོན་ཚུ་ལུ་ ཟླ་ངོ་ ༡༨ ཀྱི་རིང་ ཤེས་ཚད་ལག་ཁྱེར་གྱི་སྦྱོང་བརྡར་བྱིན་ནི་འགོ་བཙུགས་ཏེ་ ལོ་དག་པཅིག་གི་ཤུལ་ལས་ གཞི་རིམ་ཆུང་བའི་སློབ་དཔོན་ལག་ཁྱེར་གྱི་སློབ་སྦྱོང་དང་གཅིག་མཚུངས་ དུས་ཡུན་ཡང་ ཟླ་ངོ་ ༡༨ ལས་ ལོ་ངོ་ ༢ ལུ་ ཡར་སེང་གནང་ནུག  དེའི་ཤུལ་ལས་ སྤྱི་ལོ་ ༡༩༩༩ ལོ་ངོ་གསུམ་འབད་མི་ རྫོང་ཁ་གཞི་རིམ་ཤེས་ཡོན་གྱི་སློབ་སྦྱོང་འགོ་བཙུགས་ནུག  སྤྱི་ལོ་ ༢༠༠༨ ལས་ གཙུག་ལག་གཞི་རིམ་གྱི་སྦྱོང་བརྡར་ ལོ་ངོ་བཞི་འབད་མི་འདི་འགོ་བཙུགས་ཏེ་ཡོདཔ་ཨིན་རུང་ སློབ་སྟོན་གྱི་དམིགས་གཏད་འདི་ སློབ་རིམ་ ༤ པ་ཡན་ཆད་ལས་འབདཝ་ལས་ གཞི་འཛུགས་ཆུང་བའི་ནང་ལུ་ རྫོང་ཁ་འདི་སྤྱིར་བཏང་སློབ་དཔོན་ (general teacher) ཚུ་གིས་སློབ་སྟོན་འབད་དེ་སྡོད་ཡོདཔ་ཨིན་པས།

དོ་ཅི་ རྫོང་ཁ་གཞི་འཛུགས་སློབ་སྟོན་ཤེས་ཡོན་གྱི་ལས་རིམ་གསརཔ་འདི་ནང་ སློབ་སྦྱོང་པ་ བུཚ་ ༤༥ དང་ བུམོ་ ༢༥ གིས་ བཅའ་མར་གཏོགས་ཏེ་ཡོདཔ་ཨིན་པས། ལྷུན་རྩེ་སློབ་གྲྭ་ཆེ་བའི་ནང་ལས་ མཐར་འཁྱོལ་མི་ བསྟན་འཛིན་བསམ་འཕེལ་གྱིས་བཤད་དོ་བཟུམ་སྦེ་བ་ཅིན་ ཁོ་སྔོན་མར་ སློབ་རིམ་ བདུན་པ་དང་ བརྒྱད་པའི་ནང་ལུ་ དཔེ་ཆ་ལྷབ་སྟེ་སྡོད་པའི་སྐབས་ལས་ར་ སློབ་དཔོན་འབད་ནིའི་སྤྲོ་བ་ཡོདཔ་མ་ཚད་ ཨ་ལོ་ཆུང་ཀུ་ཚུ་དང་གཅིག་ཁར་འབྲེལ་བ་འཐབ་ནི་ལུ་ སྤྲོ་བ་ཡོད་ཟེར་ཨིན་པས། སློབ་སྦྱོང་འདི་ནང་ཡོད་པའི་སྒྲིག་ལམ་ལ་སོགས་པའི་སྦྱོང་ཚན་ཚུ་གིས་ ཤུལ་ལས་གཞི་རིམ་སློབ་ཕྲུག་ཚུ་ལུ་ དཔེ་ཆ་སྟོན་པའི་སྐབས་ལུ་ ཕན་ཐོགས་སྦོམ་བྱུང་ནི་ཨིན་པས་ཟེར་ བཤདཔ་ཨིན་པས།